གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༢༥༽ འོན་ཀྱང་སྦ་རྒྱལ་ཐོ་རེ་སོགས་བོན་པོ་ཆོ་འཕྲུལ་ཤེས་པ་དག་གིས་སྒྱུ་འཕྲུལ་བསྟན་ནས་ཁྲི་དར་མའི་ཐུགས་སེམས་བཀུག་ཅིང་བོན་བསླབས། མཛེས་མ་དང༌། ཆང༌། གླུ་གར། བོན་བཅས་ཀྱིས་བཙན་པོ་བསླུས།
༢༦༽ དེ་ལྟར་བོད་སྤྱི་ཡི་བསོད་ནམས་ཟད་པའི་མཐའ་ལ་ལྷུང་བའི་དུས་དེར། རང་བྱུང་ཁམས་ཀྱིས་ཀྱང་ཆད་པ་བཅད་དེ། ལྷ་སར་སད་སེར་དང༌། མུ་གེ མི་ཕྱུགས་ལ་ནད་ཡམས་ཚབས་ཆེན་བྱུང༌།
༢༧༽ སྣང་ཚུལ་དེ་དག་གིས་མི་རྣམས་ལ་རྣམ་རྟོག་མང་པོ་ཞིག་སློང་བཞིན་ཡོད། ལ་ལས་ཆོས་ཁྲིམས་འཇིག་པའི་སྔ་ལྟས་རེད་ཟེར་བ་དང༌། ལ་ལས་ཆོས་གསར་སྤེལ་བས་ལན་པ་རེད་ཟེར།
༢༨༽ སྡིག་བློན་རྣམས་ཀྱིས། སྲས་དར་མའི་ཐུགས་བསྒྱུར་བའི་གཡོ་ཐབས་འདྲ་མིན་བྱེད་ཀྱིན་ཡོད་པས། ཡ་ང་བའི་སྣང་ཚུལ་དེ་དག་ཀྱང་ཁོ་ཚོའི་ངན་བྱུས་ལམ་ལྷོངས་ཡོང་བའི་གྲོགས་སུ་འགྱུར་ཐབས་སུ་སྤྱད་པ་རེད།
༢༩༽ ཉིན་ཞིག་བློན་ངན་ཚོས་རྒྱལ་སྲས་དར་མ་ཕྱི་ལ་གདན་དྲངས་ཏེ། གནས་ཚུལ་དེ་དག་གཟིགས་བཅུག་པས། སྲས་དར་མས་སྤྱན་ཆབ་བསིལ་བཞིན། “དཀོན་མཆོག་མཁྱེན། འདི་དག་ཅི་ཡིས་ཉེས་སམ།” ཞེས་བཀའ་འདྲི་གནང༌།